ཕྱི་ལོ་ ༡༩༦༩ ཟླ་ ༥ ཚེས་ ༢༥ ནས་ཉིན་གསུམ་རིང་བཞུགས་སྒར་གླིང་བླ་བྲང་གི་ཚོམས་ཆེན་དུ་དགེ་ལྡན་ལུགས་བཟང་རིག་གཞུང་གཅེས་སྐྱོང་ཚོགས་ཆེན་དང་པོའི་སྐབས་ཚོགས་མི་རྣམ་པ།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡུལ་དང་ཚོགས་མི་རྣམ་པ།
ཕྱི་ལོ་1969 ལོར་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར། མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་བློ་གྲོས་ཐོགས་པ་མི་མངའ་ཞིང་། སྐལ་ལྡན་གདུལ་བྱར་མོས་བློ་དང་མཐུན་པའི་ཆོས་ཚུལ་འདོམས་པ་ལ་མི་འཇིགས་པའི་སྤོབ་པ་རྙེད་པའི་༧རྒྱལ་བའི་ཡོངས་འཛིན་དགའ་ཁྲི་གླིང་སྤྲུལ་རྡོ་རྗེ་འཆང་མཆོག་དང་། ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་ནས་གཙོ་འཛིན་ཐུགས་འགན་དང་། ཚོགས་གཙོར་ལ་དགས་སྐུ་ཞབས་བ་ཀུ་ལ་མཆོག ཚོགས་གཞོན་དུ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག སྣ་ཆེན་ཚོགས་མིར་གདན་ས་གསུམ་གྱི་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ། དེ་བཞིན་ཚོགས་མི་ནང་གདན་གསུམ་དགེ་ལུགས་འཐུས་མི་རྣམ་པ། སེར་ཀོང་མཚན་ཞབས་རིན་པོ་ཆེ་མཆོག ལ་དྭགས་སྐུ་ཞབས་བླ་མ་བློ་བཟང་མཆོག་གི་མཚོན་མཁས་དབང་ཚོགས་མི་དུ་མ་ལྷན་འཛོམས་གནང་།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་དགོས་པའི་ཐོག་མའི་གླེང་གཞི།
དེ་སྔ་༧གོང་ས་༧སྐབས་མགོན་ཆེན་པོ་མཆོག་གིས། སྦག་སར་ནང་དོན་རིག་པའི་བསྟི་གནས་ཐོས་བསམ་ཐར་འདོད་གླིང་ཞེས་གསར་འཛུགས་བཀྲིན་བསྐྱངས་པ་མ་ཟད། དེ་ནས་ཐོན་སྐབས་ཝ་ཎ་སམ་ཊི་ཏ་གཙུག་ལག་སློབ་གཉེར་ཁང་དུའང་བསྐྱོད་དགོས་པའི་ལམ་སྟོན་བཀའ་སློབ་ཇི་སྩལ་ལྟར། དེར་བཞུགས་སློབ་གཉེར་བ་ཚང་མས་གལ་ཆེར་དོན་ཆེན་ལ་དམིགས་ནས་བསྐྱོད་མོད་ཀྱང་། ཕྱི་ལོ་༡༩༦༩ ལོར་སྦག་སའི་དགེ་འདུན་པ་རྣམས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོས་དགོས་པར་བརྟེན། སྐབས་དེར་གདན་སའི་ནང་དུའང་རྒྱུགས་སྤྲོད་ཀྱི་ལམ་ནས་ཤེས་ཡོན་གོང་སྤེལ་བཏང་ནས། བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་འབུལ་ཕྱོགས་རྣམས། དེང་དུས་ཀྱི་མཐོ་རིམ་སློབ་གྲྭ་ཁག་དང་ཕྱོགས་མཚུངས་དགོས་པ་གལ་ཆེར་གཟིགས་ཏེ། ཚད་ལྡན་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞིག་དགོས་སྐོར་བྱུང་བ་ནི་ཐོག་མའི་གླེང་གཞི་ཡིན།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་དམིགས་ཡུལ།
ཐོག་མར་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱི་བཀའ་ཕེབས་དགོངས་དོན་བཞིན། འགྲོ་བའི་སྡུག་བསྔལ་གྱི་ནད་སེལ་བའི་སྨན་གཅིག་པུ་ཀུན་མཁྱེན་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་སྒོས་འཇམ་དབྱངས་མིའི་གར་གྱི་རྣམ་པར་རོལ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་དེ་ཉིད་ཀྱིས་དག་ཐེར་ལེགས་པར་མཛད་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་སྤེལ་དང་། འབྱུང་འགྱུར་ལྷ་རམས་དགེ་བཤེས་བསྐྱོད་ཕྱོགས་རྣམས་ཀྱང་འཛམ་གླིང་སློབ་གྲྭ་སྤྱིའི་ལམ་སྲོལ་བཞིན། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱི་སྟེང་ནས་ཚད་འཛིན་བྱ་རྒྱུ་སྲ་བརྟན་གནས་ཐབས་སོགས་ལེགས་ཚོགས་དུ་མའི་ཆེད་དུ་དམིགས་པ་ཡིན།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཞེས་མཚན་ཐོག་མར་བྱུང་ཚུལ།
སྐབས་དེར་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱིས་འབྱུང་འགྱུར་མཁས་གྲུབ་གཉིས་ལྡན་གྱི་སློབ་གཉེར་བ་ཆུ་བོའི་རྒྱུན་བཞིན་གནས་ཏེ། བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་སླད། ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་བཀྲིན་བསྐྱངས་པ་དང་འབྲེལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞེས་མཚན་གསར་དུ་བསྩལ།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་ཚོགས་ཡུལ་དང་། ཚོགས་མི་རྣམ་པ།
ཕྱི་ལོ་༡༩༧༣ ལོར་སླར་རྒྱ་གར་ལྷོ་ཕྱོགས་དགེ་ལྡན་ནང་བསྟན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཁང་དུ། གདན་ས་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ། སློབ་སྟོན་ནམ་དེབ་སྐྱེལ་བྱེད་པོ་ཟམ་གདོང་རིན་པོ་ཆེ་མཆོག ཕྱག་རོགས་པ་ཝར་ཎ་གཙུག་ལག་སློབ་གཉེར་ཁང་ནས་ཐོན་པའི་བོན་པོ་ཐུབ་བསྟན་ཆོས་གྲུབ་མཆོག གདན་ས་ཁག་ནས་ཕེབས་པའི་མཁས་དབང་རེ་རེ་བཅས་ཀྱིས་བདུན་ཕྲག་གཅིག་གི་རིང་མཉམ་དུ་ཚོགས་ཞུགས་གནང་སྟེ། སྒྲིག་གཞི་དང་། རྒྱུགས་ལེན་ཕྱོགས། སློབ་ཚན། འཛིན་གྲྭའི་ཐ་སྙད་བཅས་གསར་བཟོ་གནང་།
རྒྱུགས་སྤྲོད་ཀྱི་ཐ་སྙད་དང་གནས་རིམ་ངོ་སྤྲོད།
དེ་ཡང་ལོ་རིམ་དང་པོ་དང་། གཉིས་པ་ལ་བཀའ་རམས་དང་། ལོ་རིམ་གསུམ་པ་དང་། བཞི་པ་ལ་སློབ་དཔོན་གྱི་ཐ་སྙད། བཀའ་རམས་དང་སློབ་དཔོན་གཉིས་དེང་དུས་ཀྱི་ཐ་སྙད་དང་མཐུན་པར་བྱས་ཀྱང་། མཐའ་མ་ལོ་རིམ་ལྔ་པ་དང་། དྲུག་པ། བདུན་པ་བཅས་ལ་ལྷ་རམས་ཞེས་པའི་ཐ་སྙད་ནི། བོད་དུ་ནང་དོན་རིག་པར་སློབ་གཉེར་མཐར་ཕྱིན་པའི་རྗེས་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་འཇོག་མཛད་པའི་ཐུན་མོང་མིན་པའི་གོ་གནས་ཁྱད་པར་ཅན་ཞིག་གི་མཚན་གནས་ཡིན་པར་བརྟེན། དེ་ཉིད་རྟེན་འབྲེལ་གྱི་ཚུལ་དུ་རང་སོར་བཞག་པར་མཛད།
དེང་དུས་གཙུག་ལག་སློབ་གཉེེར་ཁང་གི་གནས་རིམ་གཅིག་མཚུངས་གཏན་འབེབས་མཛད་ཚུལ་ནི།
-
ལོ་རིམ་དང་པོ་དང་གཉིས་པ་ལ། བཀའ་རམས་པའམ། གཞུང་ལུགས་འཛིན་པ། དེང་དུས་འཛིན་གྲྭ ( B.A.)
-
ལོ་རིམ་གསུམ་པ་དང་བཞི་པ་ལ། སློབ་དཔོན་ནམ། མང་དུ་ཐོས་པ། དེང་དུས་འཛིན་གྲྭ་ (M. A)
-
ལོ་རིམ་ལྔ་པ་དང་དྲུག་པ་ལ། ལྷ་རམས་པའམ། ངག་གི་དབང་ཕྱུག དེང་དུས་འཛིན་གྲྭ་ (Ph.d.)
བཅས་ཀྱི་གནས་ཚད་དང་མཉམ་པར་གཏན་འབེབས་མཛད་ཅིང་། ཐ་སྙད་གདམས་ཁ་ཅན་དུ་འཇོག་པ་ནི། རྒྱུགས་སྤྲོད་པ་རབ་བྱུང་ཡིན་ན་བཀའ་རམས་དང་། སློབ་དཔོན། ལྷ་རམས་པའི་ཐ་སྙད། སྐྱ་བོ་ཡིན་ན་གཞུང་ལུགས་འཛིན་པ། མང་དུ་ཐོས་པ། ངག་གི་དབང་ཕྱུག་ཅེས་མཚན་བསྟོད་གནང་སྲོལ་གཏན་འབེབས་མཛད།
སྒྲིག་གཞི་བསྐྱར་ཞིབ་དང་། ཕྱག་ཁྱེར་འབུལ་ཕྱོགས་གཏན་འབེབས་གནང་ཚུལ།
དེ་བཞིན་རྒྱུགས་སྤྲོད་དངོས་གཞིའི་སྐབས་ཐུགས་འགན་བཞེས་མཁན་དོ་དམ་པ་མེད་དུ་མི་རུང་བར་སོང་། ཝར་ཎ་གཙུག་ལག་སློབ་གཉེར་ཁང་ཆེན་པོ་མཐར་སོན་པ་སྒོ་མང་པན་ཆེན་འོས་སྤྲུལ་རིན་པོ་ཆེ་མཆོག་ལ་ཚོགས་མི་ཡོངས་ནས་འབོད་བསྐུལ་ཇི་མཛད་བཞིན་ཞལ་བཞེས་གནང་། སླར་པན་ཆེན་འོས་སྤྲུལ་མཆོག་གིས། སྔར་སྒྲིག་གཞི་གཏན་འབེབས་གནང་བ་གཞིར་བཟུང་ཐོག་ཝར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་། གཙུག་ལག་སློབ་གཉེར་ཁང་གཞན་ནས་ཀྱང་སྒྲིག་གཞི་དང་། རྒྱུགས་སྤྲོད་ཀྱི་སྐོར། ཕྱག་ཁྱེར་འབུལ་ཚུལ་སོགས་གཙོ་འཛིན་རྣམས་ལ་དྲི་ཞིབ་ནན་གཏན་གྱིས། ཉེ་མཁོའི་ལེགས་ཆ་ཇི་ཡོད་རིགས་ལེན་གང་ཐུབ་དང་། སྐབས་རེར་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནས་ཀྱང་ལམ་སྟོན་བཀའ་སློབ་དང་། ཕན་ཚུན་བགྲོ་གླེང་ལྷུག་རྩོལ་བྱུང་མཐར། རྒྱུགས་སྤྲོད་ཚོགས་ཆུང་། སློབ་ཚན་ཚོགས་ཆུང་། ཤེས་ཡོན་ལྷན་ཚོགས་བཅས་གསར་འཛུགས་ཀྱིས་སྒྲིག་གཞི་བསྐྱར་སྣོན་མཛད། དེ་བཞིན་བསླབ་པ་མཐར་སོན་པའི་ཕྱག་ཁྱེར་འབུལ་ཕྱོགས་རྣམས་ཀྱང་ལྭ་ཎ་གཙུག་ལག་སློབ་གཉེར་ཁང་དུ། ཟམ་གདོང་རིན་པོ་ཆེ་མཆོག་དང་། པཎ་ཆེན་འོས་སྤྲུལ་རྣམ་གཉིས་ཀྱིས་གཙུག་ལག་སློབ་གཉེར་ཁང་གི་སྒྲིག་སྲོལ་དང་མཐུན་པ་གོ་བསྡུར་དང་། འབད་བརྩོན་ལྷོད་མེད་གནང་།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོ་བསྐྱངས་ཚུལ་སྐོར། དམིགས་བསལ་ཕྱག་ཁྱེར་སྐོར་ལ་ཚོགས་འདུ་ཚོགས་ཡུལ་དང་། ཚོགས་མི་རྣམ་པ། ཕྱག་ཁྱེར་ཐོག་མར་འབུལ་ཚུལ།
གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། དགའ་ལྡན་ཁྲི་པ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས། གདན་གསུམ་གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་རྣམ་པ། གཙུག་ལག་སློབ་གཉེར་ཁང་གི་དེབ་བསྐྱེལ་འགན་འཛིན་ཟམ་གདོང་རིན་པོ་ཆེ་མཆོག དོ་དམ་པ་པཎ་ཆེན་འོས་སྤྲུལ་རིན་པོ་མཆོག དེ་བཞིན་རྒྱ་གར་གཙུག་ལག་སློབ་གཉེར་ཁང་ནས་ཆེད་ཕེབས་གནང་བའི་རྒྱ་གར་མཁས་དབང་དུ་མ་དང་ལྷན་དུ། ཕྱག་ཁྱེར་འབུལ་ཕྱོགས་ཀྱི་རིམ་པ་རྣམས་བཀའ་བསྡུར་གནད་སྨིན་བྱུང་མཐར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་ཕྱག་ཁྱེར་ཐོག་མ་དེ། ཕྱི་ལོ་༡༩༧༤ ལོར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་བར་མ་ཟད། ཕྱི་ལོ་༡༩༧༥ ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པར། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ལའང་ཕྱག་ཁྱེར་ཕུལ།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཐོག་མར་ཚོགས་ཡུལ་དང་། ཚོགས་དུས། ཚོགས་ཚུལ་བཅས།
ཕྱི་ལོ་༡༩༧༥ ལོར་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་གདན་ས་གསུམ་གྱི་མཁས་དབང་མཁན་རིན་པོ་ཆེ་རྣམ་པ་དྲུག་ནས་རྒྱུགས་བཞེས་པ་གནང་སྟེ། གདན་གསུམ་སློབ་གཉེར་བ་དྲག་གྲས་ནས་ལྷ་རམས་དགེ་བཤེས་འོས་མི་གཏོང་ལ་ཉེ་བ་རྣམས་ལྷ་རམས་འཛིན་གྲྭ་དང་། འཛིན་གྲྭ་མས་རིམ་བཞིན་སློབ་དཔོན་དང་། བཀའ་རམས་ནང་བཞག་སྟེ་རྒྱུགས་སྤྲོད་པ་བརྒྱ་ཕྲག་ལས་བརྒལ་བ་ཡོངས་རྫོགས་ལྷན་དུ། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཐོག་མར་དབུ་འཛུགས་གནང་།
དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཆུང་གནས་སྤོས་དང་། འགན་འཛིན་གསར་བསྐོས་གནང་ཚུལ།
ཕྱི་ལོ་༡༩༧༨ ལོར་གདན་གསུམ་གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་རྣམ་པ། རྒྱུགས་སྤྲོད་དོ་དམ་པ་བཅས་ངོ་ཕེབས་ཀྱིས་ཚོགས་འདུའི་ནང་། རྒྱུགས་སྤྲོད་ལོ་བཞིའི་ཉམས་མྱོང་ལས་སློབ་ཚན་དང་། རྒྱུགས་སྤྲོད་བཞེས་ཕྱོགས་བསྐྱར་ཞིབ་བཀའ་བསྡུར་བྱུང་བའི་སྐབས། དེ་སྔ་ཝ་ར་ཎ་སིར་རྒྱུགས་སྤྲོད་ཚོགས་ཆུང་སོགས་གསར་དུ་གཙུགས་ཀྱང་། ད་ཆ་ལས་བྱེད་འཐུས་མི་ཕལ་ཆེར་ས་གནས་གཞན་དུ་གནས་སྤོས་ཟིན་སྟབས། རྒྱུགས་སྤྲོད་ལས་དོན་གྱི་བྱེད་སྒོ་ཁག་ཀྱང་འཐུས་ཤོར་འགྲོ་སྐྱོན་དང་། ཕྱོགས་གཅིག་ནས་དྲི་ཤོག་ཁག་སྦྲགས་བརྒྱུད་དུས་ཐོག་ཏུ་འབྱོར་མིན་གྱི་དཀའ་ངལ་དུ་མ་རིམ་གྱིས་འཕྲད་ནས། ས་གནས་རང་དུ་ཚོགས་ཆུང་ཁག་གནས་སྤོས་ཐུབ་ན་འཇུག་པ་བདེ་སྟབས། གོང་གསལ་ཚོགས་ཆུང་རྣམས་རྒྱ་གར་ལྷོ་ཕྱོགས་དགེ་ལྡན་ནང་བསྟན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཁང་དུ་གཏན་འབེབས་སྐྱངས། རྒྱུགས་སྤྲོད་གཙོ་འཛིན་པ་གདན་གསུམ་གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་རྣམ་པ། ལས་དྲུང་། རྒྱུགས་སྤྲོད་དོ་དམ་པ་བཅས་གསར་དུ་གཏན་འབེབས་མཛད།
རྒྱུགས་སྤྲོད་ཚོགས་ཚུལ་ལ་འགྱུར་བ་ཇི་བྱུང་སྐོར།
ལོ་ཤས་རྗེས་རྒྱུགས་སྤྲོད་པ་ཡོངས་རྫོགས་ས་གནས་གཅིག་ཏུ་མཉམ་ཞུགས་ཀྱིས་རྒྱུགས་སྤྲོད་གནང་དགོས་པ་དཀའ་ངལ་ཆེ་ཚུལ་དགོངས་ཆར་མི་ཉུང་བ་ཡང་ཡང་བྱུང་བ་བཞིན། དགའ་ལྡན་དང་འབྲས་སྤུངས་གཉིས་ཕན་ཚུན་རེ་མོས་དང་། སེ་ར་ས་གནས་རང་དུ་ཚོགས་རྒྱུའི་གཏན་ཁེལ་བྱུང་ཞིང་། རྒྱུགས་བཞེས་པ་གདན་གསུམ་གྲྭ་ཚང་དྲུག་གི་མཁན་པོ་གསུམ་རེར་ས་གནས་སོ་སོར་ཕེབས་ནས་རྒྱུགས་སྤྲོད་ལོ་མང་རིང་གནང་ཐུབ་པ་བྱུང་། ཕྱི་ལོ་༡༩༩༦ ལོར་ས་གནས་སོ་སོར་རྒྱུགས་སྤྲོད་བྱེད་སྐབས། རྒྱུགས་སྤྲོད་བརྒྱ་ཆ་འབུལ་ཕྱོགས་ཐད་ཆ་མཉམ་མི་ཡོང་བ་བཅས་ཀྱི་གླེང་མོལ་ཤུགས་ཆེར་ཇི་བྱུང་ལས། སླར་ཕྱི་ལོ་༡༩༩༧ ལོར་དགེ་ལྡན་ནང་བསྟན་རིག་གཞུང་གཅེས་སྐྱོང་ཚོགས་པ་དང་། བླ་མ་ཙོང་ཁ་པའི་ཆོས་ཚོགས་གཉིས་ཀྱི་མཐུན་འགྱུར་རོགས་རམ་འོག གདན་ས་གསུམ། བཀྲིས་ལྷུན་པོ། རྭ་སྟོད་གྲྭ་ཚང་བཅས་ཀྱི་སློབ་གཉེར་བ་ཡོངས་རྫོགས་ས་གནས་གཅིག་ཏུ་འཁོད་དེ། ལོ་འཁོར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཚོགས་ཡུལ་གདན་ས་གསུམ་ནང་རེས་མོས་བྱེད་དེ་ཚོགས་འགོ་ཚུགས་པ་ནས་ད་བར་ཚོགས་མུས་ལགས།
ལྷ་རམས་དམིགས་བསལ་གཏོང་ཕྱོགས་སྐོར་ལ་གླེང་གཞི་བྱུང་རྐྱེན་ཁག
ཕྱི་ལོ་༡༩༩༩ ལོར་འབྲས་སྤུངས་ཆོས་སྒར་དུ་རྒྱལ་བའི་གདུང་ཚོབ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག གདན་གསུམ་གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་རྣམ་པ་ཚང་འཛོམས་ཀྱིས། ལྷ་རམས་འཕར་མ་གནང་ཕྱོགས་སྐོར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་བསྐོར་ཞུས་པའི་བཀའ་ལན་ཕྱིར་ཕེབས་དགོངས་དོན་ཐོག ཚོགས་མི་རྣམས་ནས་བཀའ་བསྡུར་ལྷུག་པོ་བྱུང་དོན། ༧གོང་ས་་མཆོག་ནས་ཐད་དཀར་ཕྱིར་ཕེབས་བྱུང་ན་དམིགས་བསལ་ལས། དེ་མིན་སྔར་ལོ་ཤས་རིང་གྲྭ་ཚང་སོ་སོ་ནས་ལྷ་རམས་འཕར་མ་ཞུ་གཏོང་བྱེད་པའི་རིགས་དགེ་ལུགས་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་ལ་གནོད་སྐྱོན་དང་། འབྱུང་འགྱུར་སློབ་གཉེར་བ་རྣམས་ལའང་མིག་དཔེ་ཞན་པོ་ཞིག་ཀྱང་འགྱུར་ཉན་ཆེ་བར་བརྟེན། གྲྭ་ཚང་ཁག་ནས་ལྷ་རམས་འཕར་མ་གཏན་ནས་ཞུ་གཏོང་མི་ཆོག་པའི་གཏན་འབེབས་མཛད། དགེ་བཤེས་ལྷ་རམས་པའི་སྔོན་འགྲོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་མ་ཕེབས་པར། ལྷ་རམས་པའི་ཕྱག་ཁྱེར་གྲྭ་ཚང་སོ་སོས་འབུལ་མི་ཆོག་པར་མ་ཟད། ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་དམ་འཇོག་གོ་སྐབས་གཏན་ནས་མེད་པའི་གྲོས་ཆོད་བྱུང་བ་བཞིན་ཚོགས་ཞུགས་རྣམས་ཀྱིས་ཕྱག་དམ་དང་། མཚན་རྟགས་རིམ་འབུལ་ཞུས་ཡོད།
གོང་གསལ་བརྗོད་གཞི་ཁག་དངོས་ཡོད་ཇི་བྱུང་ཡོང་སླད་བཀའ་འདྲི་ཞུ་ཡུལ།
-
བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག།
-
སེར་སྨད་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་ངག་དབང་ཐེག་མཆོག།
-
སྒོ་མང་པཎ་ཆེན་འོས་སྤྲུལ་རིན་པོ་ཆེ་མཆོག།
རྩོམ་སྒྲིག་པ། ཕྱི་ལོ་ 2010 ལོའི་སྐབས་བཅུ་གཅིག་པ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་དྲུང་ཆེ།
ཕྱི་ལོ། 2017 ལོར། སྐབས་བཅུ་གསུམ་པ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རྒྱུགས་ཞིབ་ལྷན་ཁང་ནས་དྲྭ་ཐོག་ཏུ་སྤེལ།