top of page

དགེ་ལུགས་རྒྱུགས་སྤྲོད་ངོ་སྤྲོད་སྙིང་བསྡུས།

དགེ་ལུགས་རྒྱུགས་སྤྲོད་ཞེས་པ་གང་ཡིན།


དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་དང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་བཅས་ཀྱི་སློབ་གཉེར་བ་རང་རང་གི་གདན་ས་གྲྭ་ཚང་དུ་རྒྱུགས་སྤྲོད་ཐོན་ཟིན་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ་ལ་སྔོན་འགྲོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གིས་སྟངས་འཛིན་དང་གོ་སྒྲིག་འོག་ལོ་དྲུག་ངེས་པར་དུ་རྒྱུགས་སྤྲོད་བྱེད་པོ་ཡོངས་རྫོགས་མཉམ་ཞུགས་དགོས་པའི་རྒྱུགས་སྤྲོད་ཡིན།

ད་ལྟའི་དགེ་ལུགས་རྒྱུགས་སྤྲོད་ཐོག་མར་དབུ་རྙེད་པའི་དུས།


ཕྱི་ལོ།  1969 ལོར་བཞུགས་སྒར་རྡ་རམ་ས་ལ་གླིང་བླ་བྲང་དུ་ཡོངས་འཛིན་རྣམ་པ་གཉིས་ཀྱིས་དབུས་གདན་ས་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ་དང་། མཁས་དབང་དང་བླ་ཆེན་ཁག་བཅས་ནས་ཚོགས་ཆེན་དང་པོ་ཚོགས་པ་དང་། ཕྱི་ལོ། 1973 ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དགེ་ལྡན་ནང་བསྟན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཁང་དུ་གདན་གསུམ་མཁན་རིན་པོ་ཆེ་རྣམ་པ་དང་། སློབ་སྟོན་ནམ་དེབ་སྐྱེལ་གནང་མཁན་ཟམ་གདོང་རིན་པོ་ཆེ་མཆོག གཞན་ཡང་གདན་ས་ཁག་ནས་ཕེབས་པའི་མཁས་དབང་རེ་བཅས་ཀྱིས་མཉམ་བཞུགས་ཀྱིས་དགེ་ལུགས་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་དང་། སློབ་ཚན། འཛིན་གྲྭའི་ཐ་སྙད། རྒྱུགས་ལེན་ཕྱོགས་བཅས་གསར་བཟོ་གནང་། ཕྱི་ལོ། 1975 ལོར་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་གདན་གསུམ་མཁན་རིན་པོ་ཆེ་རྣམ་པས་རྒྱུགས་བཞེས་པ་གནང་ནས་དགེ་ལུགས་རྒྱུགས་སྤྲོད་ཐོག་མ་དེ་དབུ་འཛུགས་གནང་།

དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་ཆོག་པའི་སློབ་གཉེར་བ།


གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་དང་། ༧ བཀྲ་ཤིས་ལྷུན་པོ། ༨ རྭ་སྟོད་གྲྭ་ཚང་བཅས་ཀྱི་ཆ་རྐྱེན་ཚང་བའི་སློབ་གཉེར་བས་ཞུགས་ཆོག

དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་པ་ལ་ཚང་དགོས་པའི་ཆ་རྐྱེན།


གདན་སའི་གྲྭ་ཚང་དུ་ཆོས་གྲྭར་ཞུགས་ནས་བསྡུས་གྲྭ་ནས་འདུལ་མཛོད་བར་ཉུར་མཐར་ལོ་བཅུ་བདུན་ཧྲིལ་པོར་སློབ་གཉེར་ཚུལ་བཞིན་དུ་བགྱིས་ཏེ། གྲྭ་ཚང་སོ་སོའི་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་རྒྱུའི་མིང་མཚམས་སུ་སོན་པ་དང་། ལོར་དེར་གཞུང་ཆེན་རྩོད་རྒྱུགས་དང་། བྲིས་རྒྱུགས་གཉིས་ཀར་རྩ་བའི་བརྒྱ་ཆ་ ༡༠༠ ནས་བརྒྱ་ཆ་ ༦༦ ངེས་པར་ལོན་དགོས།
 

ལོ་རེར་དགེ་ལུགས་རྒྱུགས་སྤྲོད་དུ་གསར་ཞུགས་ཀྱི་གྲངས་ཚད།


རྒྱུགས་སྤྲོད་དུ་ཞུགས་རྒྱུའི་ཆ་རྐྱེན་ཚང་བའི་སློབ་གཉེར་བ་རྣམས་ལས་གདན་སའི་གྲྭ་ཚང་དྲུག་ནས་གྲྭ་ཚང་རེར་གསར་ཞུགས་གྲངས་ 25 དང་། བཀྲ་ཤིས་ལྷུན་པོ་ནས་གྲངས་ 5 ། རྭ་སྟོད་གྲྭ་ཚང་ནས་གྲངས་ 3 ལས་མི་མང་བའི་གྲངས་ཚད་ངེས་ཅན་གྱིས་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་ཆོག

རྒྱུགས་ཀྱི་ཐ་སྙད་དང་ལོ་ཚད།


1 སྤྱིའི་ལོ་རིམ་དང་པོ། བཀའ་རམས་ལོ་རིམ་དང་པོ། 2 སྤྱིའི་ལོ་རིམ་གཉིས་པ། བཀའ་རམས་ལོ་རིམ་གཉིས་པ། 3 སྤྱིའི་ལོ་རིམ་གསུམ་པ། སློབ་དཔོན་ལོ་རིམ་དང་པོ། 4 སྤྱིའི་ལོ་རིམ་་བཞི་པ། སློབ་དཔོན་ལོ་རིམ་གཉིས་པ། 5 སྤྱིའི་ལོ་རིམ་་ལྔ་པ། ལྷ་རམས་ལོ་རིམ་དང་པོ། 6 སྤྱིའི་ལོ་རིམ་དྲུག་པ། ལྷ་རམས་ལོ་རིམས་གཉིས་པ། 7 རྒྱུགས་སྤྲོད་ལོ་དྲུག་རིམ་བཞིན་འཕྲོད་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དམ་འཇོག་ཟིན་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པ་ཡིན།

དགེ་ལུགས་རྒྱུགས་སྤྲོད་ཚོགས་ཡུལ་དང་ཚོགས་དུས།


རི་བོ་དགེ་ལྡན་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། དཔལ་ལྡན་འབྲས་སྤུངས། སེ་ར་ཐེག་ཆེན་གླིང་བཅས་གདན་ས་ཆེན་པོ་གསུམ་དུ་རེས་མོས་ཀྱིས་ལོ་རེར་བོད་ཟླ་བདུན་པའི་ནང་ཉིན་གྲངས་ཉི་ཤུ་རྩ་རྩ་གྲངས་རིང་ཚོགས་རྒྱུ།

རྒྱུགས་བཞེས་པའམ་རྒྱུགས་ཞིབ་པ།


རྩོད་རྒྱུགས་ཀྱི་རྒྱུགས་བཞེས་པ་གདན་ས་གསུམ་གྱི་གྲྭ་ཚང་དྲུག་ནས་མཁན་པོའམ་མཁན་ཚབ་དང་བཅས་པའི་དགེ་བཤེས་ལྷ་རམས་པ་དྲག་གྲས་ལྔ་རེ་བཅས་བསྡོམས་སུམ་བཅུ་ཐམས་པ་ཡོད་པ་ནས་སྡེ་ཚན་བཅུ་རུ་བགོས་ནས་གཞུང་ཆེན་བཀའ་པོད་ལྔའི་རྩོད་རྒྱུགས་བཞེས་དགོས།
བྲིས་རྒྱུགས་ཀྱི་ལན་དེབ་ཞིབ་འཇུག་དང་ཨང་གི་སྤྲོད་མཁན་གདན་ས་གསུམ་གྱི་གྲྭ་ཚང་དྲུག་གི་མཁན་པོའི་བརྒྱུད་དགེ་བཤེས་ལྷ་རམས་པ་དྲག་དྲས་རྣམས་ལ་འབུལ་རྒྱུ།

རྒྱུགས་ཀྱི་སློབ་ཚན།


རྒྱུགས་སྤྲོད་ཀྱི་སློབ་ཚན་རིམ་པ་ལ་ཐུན་མོང་མིན་པའི་གཞུང་ཆེན་བཀའ་པོད་ལྔ་དང་། ཐུན་མོང་བའི་རིག་གནས་ལ། ཐུན་མོང་བོད་སྐད། ཞར་བྱུང་སློབ་ཚན། དམིགས་བསལ་བོད་སྐད་བཅས་ཡོད། ཕྱི་ལོ། 2018 ནས་དེང་དུས་ཕྱི་གླིང་པའི་རིག་གནས་ཚད་རིག་སློབ་ཚན་རྒྱུགས་སྤྲོད་ཀྱི་རྒྱུགས་གཞུང་ནང་འཇོག་རྒྱུའི་གྲོས་ཆོད་ཟིན། སློབ་ཚན་རྒྱས་པར་འདིའི་ནང་གཟིགས།

 

དགེ་ལུགས་རྒྱུགས་སྤྲོད་ཀྱི་རྣམ་གཞག

འབྲི་རྒྱུགས་དང་རྩོད་རྒྱུགས་གཉིས་སུ་དབྱེ་བས།

འབྲི་རྒྱུགས།

  • བཀའ་རམས་ལོ་རིམ་གཉིས་ཀྱི་འཛིན་གྲྭ་གཉིས་ལ་འབྲི་རྒྱུགས་དགུ་རེ་སྟེ། འདུལ་བ། མངོན་པ་མཛོད། དབུ་མ། ཕར་ཕྱིན་ལ་འབྲི་རྒྱུགས་གཉིས། ཚད་མ་བཅས་དྲུག་གི་སྟེང་དུ་ཐུན་མོང་བོད་སྐད། ཞར་བྱུང་སློབ་ཚན། དམིགས་བསལ་བོད་སྐད་བཅས་ཡིན།

  • སློབ་དཔོན་ལོ་རིམ་གཉིས་ཀྱི་འཛིན་གྲྭ་གཉིས་ལ་འབྲི་རྒྱུགས་དྲུག་སྟེ། འདུལ་བ། མངོན་པ་མཛོད། དབུ་མ། ཕར་ཕྱིན་ལ་འབྲི་རྒྱུགས་གཉིས། རྣམ་འགྲེལ་བཅས་ཡིན།

  • ལྷ་རམས་ལོ་རིམ་གཉིས་ཀྱི་འཛིན་གྲྭ་གཉིས་ལ་འབྲི་རྒྱུགས་མེད་ཀྱང་། ལྷ་རམས་ལོ་རིམ་དང་པོར་སླེབས་སྐབས་གཞུང་ཆེན་བཀའ་པོད་ལྔ་གང་རུང་ཞིག་ལ་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་བྱེད་འདོད་ན་རྩོམ་རྒྱུགས་འབུལ་རྒྱུའི་གོ་སྐབས་ཡོད།

རྩོད་རྒྱུགས།

  • ལོ་རིམ་དྲུག་གི་འཛིན་གྲྭ་དྲུག་ཀ་ནས་གཞུང་ཆེན་བཀའ་པོད་ལྔའི་རྩོད་རྒྱུགས་ཐེང་ལྔ་འབུལ་དགོས། 

  • དེ་ཡང་གཞུང་ཆེན་རེར་ལྷ་རམས་འཛིན་གྲྭ་གཉིས་ནས་རྩོད་པར་ཆུ་ཚོད་ཕྱེད་ཀ་དང་ལན་ལ་ཆུ་ཚོད་ཕྱེད་བཅས་ཡིན།

  • སློབ་དཔོན་ལོ་རིམ་གཉིས་དང་བཀའ་རམས་ལོ་རིམ་གཉིས་ཀྱི་འཛིན་གྲྭ་བཞི་ནས་གཞུང་ཆེན་རེར་རྩོད་པར་སྐར་མ་བཅོ་ལྔ་དང་ལན་ལ་སྐར་མ་བཅོ་ལྔ་བཅས་ཡིན།

bottom of page