དགེ་ལུགས་རྒྱུགས་སྤྲོད་ཀྱི་སྒྲིག་གཞི།

རྒྱུགས་སྤྲོད་བྱེད་པོའི་སྒྲིག་གཞི།

 

(རྒྱུགས་སྤྲོད་པ་རྣམས་ཀྱིས་གོ་བདེ་བའི་ཕྱིར་མཁྱེན་དགོས་པའི་སྒྲིག་གཞི་རྣམས་དྲི་ལན་གྱི་ཚུལ་དུ་བཀོད་ཡོད།)

1: དགེ་ལུགས་རྒྱུགས་སྤྲོད་གསར་ཞུགས་བ་ལ་ཆ་རྐྱེན་གང་དགོས་སམ།

  • 1  གདན་སའི་གྲྭ་ཚང་དུ་ཆོས་གྲྭར་ཞུགས་ནས་བསྡུས་གྲྭ་ནས་འདུལ་མཛོད་བར་ཉུར་མཐར་ལོ་བཅུ་བདུན་ཧྲིལ་པོར་སློབ་གཉེར་ཚུལ་བཞིན་དུ་བགྱིས་ཏེ། གྲྭ་ཚང་སོ་སོའི་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་རྒྱུའི་མིང་མཚམས་སུ་སོན་པ་དང་། 

  • 2  ལོར་དེར་གཞུང་ཆེན་རྩོད་རྒྱུགས་དང་། བྲིས་རྒྱུགས་གཉིས་ཀར་རྩ་བའི་བརྒྱ་ཆ་ ༡༠༠ ནས་བརྒྱ་ཆ་ ༦༦ ངེས་པར་ལོན་དགོས།

  • 3  རང་ཁོངས་གདན་ས་གྲྭ་ཚང་དུ་རྒྱུགས་སྤྲོད་མཐའ་མའི་གྲུབ་འབྲས་ཀྱི་འདྲ་བཤུས།

  • 4   ཟླ་དྲུག་ནང་ཚུན་གྱི་རང་གི་འདྲ་པར་ཁམས་དྭངས་གཙང་གསུམ།

  • 5  སྙན་ཞུའི་འགེངས་ཤོག་ཚང་ལ་མ་ནོར་བ་བཀང་ནས་མཁན་རིན་པོ་ཆེའི་མཚན་རྟགས་དང་ལས་ཐམ་འཁོད་དགོས།

 

2: རང་ཁོངས་གྲྭ་ཚང་གི་རྒྱུགས་སྤྲོད་མཐའ་མའི་གྲུབ་འབྲས་ཐོག་གི་རང་མིང་དང་མི་མཐུན་པའི་མིང་འགེངས་ཤོག་ཐོག་དགང་ཆོག་གམ།

   མིང་མི་འདྲ་བ་གཉིས་པོ་དེ་རང་ཉིད་ཀྱི་མིང་ཡིན་པ་རང་ཁོངས་གྲྭ་ཚང་གི་ལས་ཤོག་ཐོག་མཁན་རིན་པོ་ཆེའི་མཚན་རྟགས་འཁོད་པའི་རྒྱབ་གཉེར་ངོ་སྦྱོར་ངེས་པར་དགོས། མེད་ན་འགེངས་ཤོག་ཕྱིར་ལོག་བྱེད་ངེས། གཞན་ཡང་ལོ་སྔ་མའི་གྲུབ་འབྲས་ཤོག་ལྷེ་ཐོག་གི་མིང་དང་ལོ་འདིའི་འགེངས་ཤོག་ཐོག་མིང་མི་འདྲ་བ་བྱུང་ན་གཅིག་མཚུངས་ཡིན།

 

3: རྒྱུགས་སྤྲོད་དུ་འཇུག་རྒྱུའི་འགེངས་ཤོག་བཀང་ཟིན་རྗེས་དགོངས་པ་ཞུ་ཆོག་གམ།

 ཞུ་ཆོག རང་ཁོངས་མཁན་རིན་པོ་ཆེའི་མཚན་རྟགས་དང་ལས་ཐམ་ཡོད་པའི་དགོངས་ཤོག་རྒྱུགས་སྤྲོད་ལྷན་ཁང་དུ་འབུལ་དགོས།

རྒྱུགས་སྤྲོད་དངོས་གཞི་མ་ཚུགས་པའི་ཉིན་བཅུའི་སྔོན་དུ་དགོངས་ཤོག་འབྱོར་ཚེ་ཉེས་ཆད་ཧིན་སྒོར་ ༢༠༠  དང་། དེའི་རྗེས་སུ་འབྱོར་ཚེ་ཧིན་སྒོར་ ༥༠༠  ལྷ་སློབ་བཀའ་གསུམ་འཛིན་གྲྭ་དྲུག་གཅིག་མཚུངས་ཡིན།

 4: དགོངས་ཞུ་འབྲི་སྟངས།

     དགོངས་ཞུའི་ནང་ངེས་པར་གསལ་དགོས་པ།

          ༡ རང་ཉིད་ཀྱི་མིང་།

         ༢ རྩ་མཚན་ཨང་།

         ༣ འཛིན་གྲྭ

        ༤ རྒྱུགས་སྤྲོད་དངོས་གཞི་ཚུགས་པའི་རྗེས་སུ་ཡིན་ན་རང་ཉིད་ཀྱི་རྩོད་རྒྱུགས་ཀྱི་སྡེ་གང་ཡིན་པ་གསལ་དགོས།

        ༥ སློབ་དཔོན་དང་བཀའ་རམས་གཉིས་ལ་གྲལ་རིམ་ཨང་།

         ༦ མཁན་རིན་པོ་ཆེ་ཡང་ན་མཁན་ཚབ་ཀྱི་མཚན་རྟགས

 

5: ལོ་རེར་རྒྱུགས་སྤྲོད་གསར་ཞུགས་བ་གྲངས་ཚད་ཡོད་པས། གསར་ཞུགས་བ་གང་ཞིག་རྐྱེན་དབང་གིས་རྒྱུགས་སྤྲོད་དུ་དགོངས་པ་ཞུ་ནས་རང་ཉིད་དང་གྲྭ་ཚང་གཅིག་པ་གཞན་ཞིག་ལོ་འདིར་རྒྱུགས་སྤྲོད་དུ་ཞུགས་འདོད་བྱུང་ན་ཆོག་གམ།

རྒྱུགས་ཞིབ་ལྷན་ཁང་ནས་གསར་ཞུགས་བ་རྣམས་ཀྱི་མཚན་ཐོ་མ་དེབ་ནང་བཀོད་མ་ཟིན་སྔོན་གང་ཞིག་དགོངས་ཤོག་བཏང་ནས་གཞན་ཞིག་གིས་གསར་ཞུགས་ཀྱི་འགེངས་ཤོག་སྙན་ཞུ་འབུལ་ན་དེ་འཐུས་ཀྱང་། མཚན་ཐོ་རྣམས་མ་དེབ་ནང་འཁོད་ཟིན་རྗེས་ངོ་ལེན་མེད།

6 : རྒྱུགས་སྤྲོད་དངོས་གཞི་འགོ་བཙུགས་ཏེ་སློབ་ཚན་གཅིག་གཉིས་སྤྲད་ཟིན་ནས་ནད་མནར་སོགས་རྐྱེན་གྱིས་དགོངས་པ་ཞུ་ཆོག་གམ།

ཞུ་ཆོག རང་ཁོངས་མཁན་པོའམ་མཁན་ཚབ་ཀྱི་རྒྱབ་གཉེར་མཚན་རྟགས་ཡོད་པའི་དགོངས་ཤོག་རྒྱུགས་སྤྲོད་ལྷན་ཁང་དུ་འབུལ་དགོས། ཉེས་ཆད་སྒོར་ ༥༠༠ གཅིག་མཚུངས་ཡིན། འོན་ཀྱང་སྤྲད་ཟིན་པའི་རྒྱུགས་ཀྱི་སློབ་ཚན་གང་ཞིག་མ་འཕྲོད་བ་བྱུང་ན་ལོ་དེའི་རྒྱུགས་སྤྲོད་མ་འཕྲོད་པའི་ཁུངས་སུ་འཇོག་རྒྱུ། འཛིན་གྲྭ་དྲུག་ཀ་གཅིག་མཚུངས་ཡིན།

7: ལོ་འདིར་རྐྱེན་གྱི་དབང་གིས་རྒྱུགས་སྤྲོད་དགོངས་པ་ཞུ་ན་ལོ་རྗེས་མར་རྒྱུགས་སྤྲོད་དུ་ཞུགས་རྒྱུའི་གོ་སྐབས་ཡོད་དམ།

ཞུགས་ཆོག འོན་ཀྱང་འགེང་ཤོག་བཀང་ནས་དགོངས་ཤོག་མེད་པར་རྒྱུགས་སྤྲོད་དུ་མ་ཕེབས་ན་ལོ་རྗེས་མར་རྒྱུགས་སྤྲོད་དུ་ཞུགས་མི་ཆོག

8:  ལོ་འདིར་རྒྱུགས་ཚད་མ་ལོན་ན་ལོ་རྗེས་མར་བསྐྱར་དུ་རྒྱུགས་ལ་འཇུག་རྒྱུའི་གོ་སྐབས་ཡོད་དམ།

  • ལྷ་རམས་འཛིན་གྲྭ་གཉིས་རྒྱུགས་ཚད་མ་ལོན་ན་བསྐྱར་དུ་རྒྱུགས་ལ་འཇུག་རྒྱུའི་གོ་སྐབས་མེད།

  • སློབ་དཔོན་འཛིན་གྲྭ་གཉིས་ནས་ལོ་རྗེས་མར་བསྐྱར་དུ་རྒྱུགས་ལ་ཞུགས་ཆོག འོན་ཀྱང་བསྟུད་མར་ལོ་གཉིས་རྒྱུགས་མ་འཕྲོད་ན་བསྐྱར་དུ་འཇུག་རྒྱུའི་གོ་སྐབས་མེད།

  • བཀའ་རམས་འཛིན་གྲྭ་གཉིས་ནས་གཞུང་ཚན་གཉིས་ལས་མང་བ་རྒྱུགས་ཚད་མ་ལོན་ཚེ་ལོ་རྗེས་མར་བསྐྱར་དུ་ཞུགས་ཆོག་ཀྱང་། བསྐྱར་རྒྱུགས་དང་བསྐྱར་ཞིབ་མེད། (བསྐྱར་རྒྱུགས་དང་བསྐྱར་ཞིབ་ཀྱི་སྐོར་འདིར་གཟིགས།) ལོ་གཉིས་བསྟུད་མར་རྒྱུགས་ཚད་མ་ལོན་ན་བསྐྱར་དུ་རྒྱུགས་ལ་འཇུག་རྒྱུའི་གོ་སྐབས་མེད་པ་གཅིག་མཚུངས་ཡིན།

འབྲི་རྒྱུགས་སྐབས་ཀྱི་སྒྲིག་གཞི།

བྲིས་རྒྱུགས་སྐབས་རྒྱུགས་སྤྲོད་བྱེད་པོ་རང་ཉིད་ཀྱིས་གྲ་སྒྲིག་དགོས་པ།

 

  • སྙུ་གུ (སྙུ་ག་ཁ་ཤས་ཁྱེར་ན་ཡག)

  • ཡིག་པང་ཡང་ན་ཡི་གེ་བྲིས་ས་ཅོག་ཙེ་ཆུང་ཆུང་ལྟ་བུ།

  • ཡིག་ནོར་རིགས་བྱུང་ན་ཡི་གེ་སུབ་བྱེད།(དཀར་བསུབ) 

 

བྲིས་རྒྱུགས་སྐབས་རྒྱུགས་སྤྲོད་བྱེད་པོས་ཁྱེར་མི་ཆོག་པའི་རིགས།

 

  • ལག་ཐོག་ཁ་པར་ཁྱེར་མི་ཆོག

  • སྒྲ་ཉན་བྱེད་ལྟ་བུ་འཕྲུལ་ཆས་རིགས་ཁྱེར་མི་ཆོག

  • ཤོག་བུ་རིགས་གཏན་ནས་ཁྱེར་ཡོང་མི་ཆོག (ཤོག་བུ་སྟོང་པ་ཀྱང་ཁྱེར་ཡོང་མི་ཆོག)

འབྲི་རྒྱུགས་དངོས་གཞི་སྐབས་ཀྱི་སྒྲིག་གཞི།

  • རྒྱུགས་སྤྲོད་བྱེད་པོ་རྣམས་ཀྱིས་ལན་དེབ་ཕྱག་ཏུ་ཐོབ་པ་དང་ལན་དེབ་མདུན་ཤོག་སྟེང་དུ་དགང་དགོས་པ་རྣམས་ཚང་ལ་མ་ནོར་བར་དགང་དགོས།

  • དེ་མིན་ལན་དེབ་ཕྱི་ནང་གང་དུ་ཡང་རང་གི་མིང་དང། རྩ་མཚན་ཨང་། གྲལ་རིམ་ཨང་། དྲི་བ་དང་འབྲེལ་བ་མེད་པའི་ཡིག་ཆུང་ལྟ་བུ། གཞན་ཡང་མངོན་མཚན་ཅན་གྱི་རྟགས་སོགས་གཏན་ནས་འབྲི་མི་ཆོག གལ་ཏེ་འདི་འདྲ་བྱུང་ཚེ་སློབ་ཚན་དེའི་ཨང་ཐོབ་ནས་བརྒྱ་ཆ་གཅོག་ངེས།

  • འབྲི་རྒྱུགས་དབུ་བཙུགས་པ་ནས་ཆུ་ཚོད་ཕྱེད་ཀའི་རྗེས་ལུས་ཐེབས་ན། སློབ་ཚན་དེའི་ཨང་ཐོབ་ནས་ཨང་ཀི་་་་་་་་་་་་གཅོག་རྒྱུ།

  • འབྲི་རྒྱུགས་དབུ་བཙུགས་པ་ནས་རྒྱུགས་སྤྲོད་པ་རྣམས་ཀྱིས་གཞན་ལ་སྐད་ཆ་འདྲི་བ་དང་ཕན་ཚུན་སྐད་ཆ་བཤད་པ་སོགས་གཏན་ནས་མི་ཆོག  

  • གལ་ཏེ་དྲི་ཤོག་ཏུ་ཚིག་སྐྱོན་ཤོར་བར་དོགས་པའི་རིགས་ཡོད་ཚེ། དོ་དམ་པར་བཀའ་འདྲི་ཞུ་རྒྱུ་ལས། གཞན་སུ་ལའང་འདྲི་མི་ཆོག 

  • དྲི་ལན་འབྲི་པའི་སྐབས་དྲི་ལན་དེ་ཉིད་གང་གི་དྲི་ལན་ཡིན་པའི་མཚམས་གསལ་པོ་ཕྱེས་ཏེ། ཚིག་སྦྱོར་བདེ་ཞིང། དོན་གྱི་གནད་ལ་འཁེལ་བ། ཁམས་དྭངས་ཤིང་། བརྡ་དག་པ་བཅས་ལ་འབད་པ་བྱེད་དགོས། 

  • གལ་ཏེ་ཡིག་ནོར་སོགས་བྱུང་ཚེ། ཡི་གེ་བསུབ་བྱེད་ཀྱིས་བསུབ་པའམ་སྨྱུ་གུས་ནོར་རྟགས་རྒྱབ་སྟེ། ལན་དེབ་ཀྱི་ཤོག་བུ་རང་སོར་འཇོག་རྒྱུ་ལས། ཤོག་བུ་བཀོག་མི་ཆོག

  • འབྲི་རྒྱུགས་ཀྱི་སྐབས་རྒྱུགས་སྤྲོད་བྱེད་པོ་སུའི་ཐད་ནས་སློབ་ཚན་སོ་སོའི་འདྲ་བཤུས་སོགས་ཚུལ་མིན་གསང་འཁྱེར་བྱུང་ཚེ་དེ་གའི་རྒྱུགས་སྤྲོད་པའི་ཁོངས་ནས་སྐབས་མཚམས་དེར་ཕྱིར་འབུད་བྱེད་རྒྱུ་མ་ཟད། ལམ་གྲོན་དང་འཚོ་དོད་ཀྱང་མེད།

  • འབྲི་རྒྱུགས་ཀྱི་དུས་ཡུན་རྫོགས་མ་ཐག་འབྲི་མཚམས་བཞག་སྟེ་ཡར་བཞེངས་དགོས་པ་ལས། མ་བཞེངས་པར་བསྡད་ཚེ་ཆུ་ཚོད་སྐར་མ་རེར་སློབ་ཚན་དེའི་ཨང་ཐོབ་ནས་ཨང་ཀི་   ༡ ་རེ་གཅོག་རྒྱུ་མ་ཟད། ཡར་བཞེངས་ཟིན་ནས་ལན་དེབ་དུ་འབྲི་བ་སོགས་བྱས་ཚེ་སློབ་ཚན་དེའི་ཨང་ཐོབ་ནས་ཨང་ཀི་  ༣ ་རེ་གཅོག་རྒྱུ།

རྩོད་རྒྱུགས་སྐབས་སྒྲིག་གཞི། 

  • དངོས་གཞི། རྩོད་རྒྱུགས་དབུ་བཙུགས་ནས་ཆུ་ཚོད་སྐར་མ་  ་་་་་     རྗེས་ལུས་ཐེབས་ཚེ་རྒྱུགས་ཞིབ་རྣམས་ཀྱིས་རྒྱུགས་སྤྲོད་པ་དེའི་མཚན་ཐོ་དོ་དམ་པར་འབུལ་དགོས་ལ། དོ་དམ་པ་རྣམས་ཀྱིས་སྐབས་དེའི་ཁོང་གི་ཨང་ཐོབ་ནས་ཨང་ཀི་  ་་་་   ་གཅོག་རྒྱུ།

  • ཁྱབ་འགོ། རྒྱུགས་སྤྲོད་པ་དེས་རང་གིས་འཐེན་པའི་ཁྱབ་འགོ་དེ་ཉིད་སློབ་ཚན་གཞན་དང་འཛིན་གྲྭ་གཞན་ལྟ་བུར་འཁྲུག་ཡོད་ན་མ་གཏོགས། གཞུང་ཚན་གཅིག་གི་ཁྱབ་འགོ་ཐེངས་གཅིག་ལས་འཐེན་མི་ཆོག ཁྱབ་འགོ་འཐེན་པའི་སྐར་མ་ལྔའི་རྗེས་སུ་རྟགས་གསལ་དབུ་འཛུགས་གནང་དགོས། 

  • དུས་ཡུན།    བཀའ་རམས་པ་དང་སློབ་དཔོན་གཉིས་ཀྱི་རྩོད་པར་སྐར་མ  ༡༥ དང་། ལན་ལ་སྐར་མ་  ༡༥ ཡིན།            ལྷ་རམས་པའི་རྩོད་པར་སྐར་མ་  ༣༠  དང་། ལན་ལ་སྐར་མ་  ༣༠ ཡིན། 

  • ཐུགས་སྣང། རྩོད་རྒྱུགས་སྐབས་སུ་རིགས་ལུང་པ་དང་དམ་བཅའ་བ་གཉིས་ཀས་ཁྱབ་འགོ་གང་བཙུགས་པ་དེའི་སྟེང་ལུང་རིགས་ཀྱི་སྒྲུབ་བྱེད་ཅི་ཡོད་ལ་རྣམ་དཔྱོད་འདོན་རྒྱུ་ལས། ཁྱབ་འགོ་བཙུགས་པའི་ས་ཁོངས་ལས་བརྒལ་བའི་རྩོད་ལན་བྱེད་མི་ཆོག     དེ་ལྟ་བུ་བྱུང་ཚེ་རྒྱུགས་ཞིབ་པ་རྣམ་པས་གོ་བརྡ་སྤྲོད་ཆོག་པ་ལས། རྟགས་གསལ་སྒྲུབ་པ་དང་ལན་འདེབས་པ་སོགས་གཏན་ནས་མི་ཆོག

© 2018   |  དྲྭ་ཚིགས་འདིའི་བདག་དབང་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ལ་ཡོད།      |    

  • White Facebook Icon