top of page

 

གདན་ས་གསུམ་མ་ཆགས་གོང་དུ་དགེ་བཤེས་ཀྱི་མཚན་གནས་ཀྱི་སྐོར།

༡ སྤྱིར་དགེ་བཤེས་ཞེས་པ་ནི་བླང་དོར་གྱི་གནས་སྟོན་པའི་སྐྱེ་བུ་དམ་པ་སྤྱིའི་མཚན་ཡིན། ༢ གོ་མིང་སྟེ། གདན་ས་ཆེན་པོ་ཞིག་ཏུ་གཞུང་ལུགས་ཆེན་པོ་ལ་སྦྱངས་བ་མཐར་ཕྱིན་ནས་གྲྭ་སྐོར་དམ་བཅའ་བཞག་ཟིན་ནས་ཡོན་ཚད་ཀྱི་གོ་མིང་ཞིག་ཡིན། སེ་འབྲས་དགའ་གསུམ་མ་བྱུང་གོང་དུ་བོད་ཀྱི་མཚན་ཉིད་གྲྭ་ས་ཆེན་པོ་ནི་དབུས་ཀྱི་གདན་ས་ཆེན་པོ་དྲུག་སྟེ།

གསང་ཕུ། (༡༠༧༣ ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ། རྗེ་ཙོང་ཁ་པས་རྣམ་འགྲེལ་གསན་བསམ་དང་དཀའ་བཞིའི་གྲྭ་སྐོར་གནང་ས།)

བདེ་བ་ཅན(རྭ་བ་སྟོད།)

ཚལ་གུང་ཐང་ (༡༡༧༥ ལོར་ཕྱག་བཏབ།)

དགའ་གདོང་།(དུས་རབས་བཅུ་གསུམ་པར་ཕྱག་བཏབ། རྗེ་རིན་པོ་ཆེས་དེར་བླ་མ་དབུ་མ་པ་དང་ལྷན་དུ་སྒྲུབ་པ་མཛད་ནས་འཇམ་དབྱངས་ཀྱི་ཞལ་གཟིགས།)

སྐྱོར་མོ་ལུང་།(༡༡༦༩ ལོར་ཕྱག་བཏབ། རྗེ་རིན་པོ་ཆེས་དེར་འདུལ་བ་གསན་བསམ་གནང་།)  

༦ ཟུལ་ཕུབཅས་ཡོངས་གྲགས་སུ། གསང་བདེ་གུང་གསུམ། དགའ་སྐྱོར་ཟུལ་གསུམ་ཟེར། གདན་ས་དེ་དག་ནས་སྦྱངས་པ་མཐར་ཕྱིན་ནས་རབ་འབྱམས་པ་དང་། དཀའ་བཞི་པ། དཀའ་བཅུ་པ་ཞེས་མཚན་སྤྲད་དེ་གྲྭ་སྐོར་དམ་བཅའ་འཇོག་སྲོལ་ཡོད་པ་སྟེ།

  • རབ་འབྱམས་པ་ནི།  གཞུང་ཆེན་པོ་ལྔའི་ནང་ནས་ཕར་ཕྱིན་ཙམ་སྦྱངས་མྱོང་ཞིང་། དབུ་མ་དང་འདུལ་བ་མཛོད་བཅས་ལ་སྦྱངས་པ་བྱེད་མ་མྱོང་མཁན་གྱི་དགེ་བཤེས་རིགས་དང་། 

  • དཀའ་བཞི་པ་ནི། དབུ་མ། ཕར་ཕྱིན། འདུལ་བ། མཛོད་བཅས་དཀའ་ཆེན་བཞི་ལ་སློབ་གཉེར་ཐོན་པའི་དགེ་བཤེས་དང་། 

  • དཀའ་བཅུ་པ་ནི། གཞུང་ཆེན་པོ་ལྔ་ཀར་སློབ་གཉེར་ཐོན་པའི་དགེ་བཤེས་ཤིག་སྟེ། དགེ་ལུགས་པའི་གདན་ས་ཆེན་པོ་གསུམ་ཆགས་རྗེས་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་དང་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་ལྟ་བུ་ཡིན། 

  • གླིང་བསྲེ་ནི། དེ་སྔོན་གདན་ས་ཆེན་པོ་གསུམ་མ་བྱུང་གོང་དུ་གསང་ཕུ་ནེའུ་ཐོག་གི་དགོན་པར་གླིང་སྟོད་སྨད་གཉིས་བཟང་འགྲན་གྱི་ཚུལ་དུ་ཕན་ཚུན་བསྲེས་ནས་ཆོས་ཀྱི་རྩོད་པ་མཛད་པ་ལ་གླིང་བསྲེ་ཞེས་གྲགས།  དགེ་བཤེས་ཅེས་པའི་གོ་མིང་དེ་གསང་ཕུ་ནས་ཐོག་མར་དར་བ་ཡིན་སྙམ།

 

གདན་ས་ཆེན་པོ་གསུམ་ཆགས་རྗེས་དགེ་བཤེས་ཀྱི་མཚན་གནས།

དགེ་ལྡན་པའི་གདན་ས་དགའ་ལྡན། འབྲས་སྤུངས། སེ་ར་བཅས་ལ་གདན་ས་ཆེན་པོ་གསུམ་ཞེས་གྲགས། དེའི་སྟེང་དུ་བཀྲ་ཤིས་ལྷུན་པོ་དང་། སྐུ་འབུམ། བཀྲ་ཤིས་འཁྱིལ་བཅས་ལ་གདན་ས་ཆེན་པོ་དྲུག་ཅེས་འདྲེན་སྲོལ་ཡོད། སེ་འབྲས་དགའ་གསུམ་ནས་གཞུང་ཆེན་སྦྱངས་པ་མཐར་ཕྱིན་ནས་དགེ་བཤེས་ཀྱི་གོ་མིང་ལྷ་རམས་པ་དང་། ཚོགས་རམས་པ་དང་། གླིང་བསྲེ། རིགས་རམས་པ་སོགས་མཚན་གནས་སྤྲོད་སྲོལ་ཡོད་པ་སྟེ།

  • ལྷ་རམས་པ་དགེ་བཤེས། ༧པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ 1570-1662 གྱིས་དབུས་གཙང་དམག་འཁྲུག་གི་ལོ་ཤས་རིང་དགའ་ལྡན་ཁྲི་ཚབ་1613-1618 གནང་སྐབས་གདན་ས་གསུམ་གྱི་དགེ་བཤེས་སློབ་གཉེར་བཟང་གྲས་ནང་ནས་ལྷ་ས་སྨོན་ལམ་ཆེན་མོའི་རིང་གཞུང་ཆེན་པོ་ལྔའི་བགྲོ་གླེང་དམ་བཅའ་འཇོག་པའི་སྲོལ་གཏོད་པ་ནས་ལྷ་ལྡན་རབ་འབྱམས་པ་སྟེ་མིང་བསྡུས་པས་ལྷ་རམས་པ་ཟེར་ཞིང་། སྐབས་དེ་དུས་དགེ་བཤེས་ལྷ་རམས་པ་ཨང་དང་པོ་ལེན་མཁན་འབྲས་སྤུངས་བློ་གསལ་གླིང་དགེ་བཤེས་འབྲུག་ལྷག་པ་ངག་དབང་དཔལ་བཟང་དང་སྒོ་མང་དགེ་བཤེས་དོམ་ཉག་པ་བསོད་ནམས་ཆོས་བཟང་ཡིན་པས། སྐབས་དེར་དབུས་གཙང་ཁམས་གསུམ་དུ་ཁོང་གཉིས་ལ་འབྲས་སྤུངས་དགེ་བཤེས་དོམ་འབྲུག་གཉིས་ཞེས་མཚན་སྙན་ཆེ་བ་མ་ཟད། ༧རྒྱལ་དབང་སྐུ་ཕྲེང་ལྔ་པས་ཀྱང་གུས་བཀུར་ཆེན་པོ་མཛད་ཚུལ་རང་རྣམ་དུ་གསལ།

  • ཚོགས་རམས་པ་དགེ་བཤེས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྲིད་དབང་བཟུང་སྐབས་༧གོང་ས་ལྔ་པ་སྐུ་འདས་པའི་དགོངས་རྫོགས་སུ་ཚོགས་མཆོད་ཉིན་བཅུའི་རིང་སྨོན་ལམ་ཆེན་མོའི་སྐབས་དང་འདྲ་བར་གདན་ས་གསུམ་གྱི་དགེ་བཤེས་ཁག་གཅིག་གྲྭ་སྐོར་དམ་བཅའ་འཇོག་ཏུ་བཅུག་པ་ནས། ཚོགས་རམས་པ་ཟེར་བ་བྱུང་། 

  • གླིང་བསྲེ་དགེ་བཤེས། གདན་ས་གསུམ་ཆགས་རྗེས་གསང་ཕུའི་ཕྱག་སྲོལ་ལྟར་གླིང་ཡོངས་ཀྱི་གྲྭ་ཚང་ཕན་ཚུན་བསྲེས་ཏེ་གཞུང་ཆེན་པོ་ལྔའི་དམ་བཅའ་འཇོག་མཁན་གྱི་དགེ་བཤེས་རྣམས་ལ་གླིང་བསྲེ་ཟེར། 

  • རིགས་རམས་པ། རིགས་རམས་པ་སྟེ། རིགས་གྲྭའི་ཆོས་ཐོག་སྐབས་དམ་འཇོག་བྱེད་པའི་དགེ་བཤེས་ཀྱི་གོ་མིང་ལྡན་པ་ཞིག་ལ་ཟེར།

  • རྡོ་རམས་པ། གདན་ས་སོ་སོའི་ཚོགས་ཆེན་རྡོ་གཅལ་དུ་མཚན་ཉིད་དམ་བཅའ་འཇོག་པའི་དགེ་བཤེས་ལ་ཟེར།

 

དེ་ཡང་གདན་ས་ཆེན་པོ་ཁག་ཏུ་གཞུང་ཆེན་པོ་ལྔར་སློབ་སྦྱོང་བྱེད་རྒྱུའི་ལོ་ཚད་ཐད། གྲྭ་ཚང་ཁག་སོ་སོར་ཕྲན་བུའི་མི་འདྲ་བ་ཡོད་ཅིང་། སེ་ར་དགོན་པར་མཚོན་ན་བསྡུས་གྲྭ་འཛིན་གྲྭ་གསུམ་ལོ་གསུམ། ཕར་ཕྱིན་འཛིན་གྲྭ་ལྔ་ལོ་ལྔ། དབུ་མ་འཛིན་གྲྭ་གཉིས་ལ་སོ་སོར་ལོ་གཉིས་རེ་སྟེ་ལོ་བཞི། མཛོད་འདུལ་འཛིན་གྲྭ་གཉིས་ལ་ལོ་བཞི་བཅས་ཁྱོན་བསྡོམས་དགེ་བཤེས་ལྷ་རམས་པ་མ་ཐོན་པར་ལོ་ཉི་ཤུ་འགོར་གྱི་ཡོད། 

དེ་ནི་གཞུང་ཆེན་པོ་ལྔ་ལ་སོ་སོའི་ནང་དོན་རྒྱ་ཆེ་ཆུང་ལ་གཞིགས་ཏེ་འཛིན་གྲྭ་མང་ཉུང་སྣ་ཚོགས་སུ་བགོས་སྟེ། དེ་ཡང་སྔར་དུས་རབས་བཅུ་གཉིས་པའི་དཀྱིལ་ཙམ་དུ་གསང་ཕུ་དགོན་པའི་མཁན་པོ་མཁས་པའི་དབང་ཕྱུག་ཕྱ་པ་ཆོས་ཀྱི་སེང་གེས་ཐོག་མར་གསར་གཏོད་གནང་བ་ཞིག་ཡིན། དེ་སྐབས་གཞུང་ཆེན་གཞན་དག་ལ་འཛིན་གྲྭ་ཇི་ཙམ་ཡོད་མེད་དཔྱད་གཞི་མ་རྙེད་ཀྱང་། ཚད་མ་རྣམ་འགྲེལ་འཛིན་གྲྭ་ལྔ་ཡོད་པ་སྟེ། བསྡུས་ཆུང་། བསྡུས་འབྲིང་། བསྡུས་ཆེན། རྟགས་རིགས། རྣམ་འགྲེལ་བཅས་ཡིན། རྗེས་སུ་གདན་ས་ཆེན་པོ་ཁག་ལ་འཛིན་གྲྭ་ཕྱེ་ཚུལ་མང་ཉུང་སྣ་ཚོགས་བྱུང་སྟེ་གཅིག་ཏུ་མ་ངེས་པ་དཔེར་ན། འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་བསྡུས་གྲྭ་བློ་རྟགས་བཅས་ལ་འཛིན་གྲྭ་ལྔ། ཕར་ཕྱིན་འཛིན་གྲྭ་བཞི། དབུ་མ་འཛིན་གྲྭ་གཅིག་གཉིས། འདུལ་བ་འཛིན་གྲྭ་གཅིག མཛོད་ལ་འཛིན་གྲྭ་གཅིག་བཅས་ཡོད་པ་དང་། 

སེ་ར་སྨད་གྲྭ་ཚང་ལ་ཁྱོན་བསྡོམས་འཛིན་གྲྭ་བཅུ་གསུམ་སྟེ། བསྡུས་གྲྭ་བློ་རྟགས་བཅས་བསྡོམས་པའི་འཛིན་གྲྭ་གཅིག ཕར་ཕྱིན་འཛིན་གྲྭ་དྲུག དབུ་མ་འཛིན་གྲྭ་འཛིན་གཉིས། འདུལ་བ་འཛིན་གྲྭ་གཉིས། མཛོད་འཛིན་གྲྭ་གཉིས་བཅས་ཡོད། གོང་གསལ་འཛིན་གྲྭ དེར་རྣམ་འགྲེལ་འཛིན་གྲྭ་ཟུར་དུ་མ་ཕྱེ་བ་ནི་བསྡུས་གྲྭ་བློ་རྟགས་བཅས་ལ་སྦྱངས་པ་མཐར་ཕྱིན་པ་བྱུང་ན་རྣམ་འགྲེལ་ཡང་དེའི་ཞར་ལ་སློབ་སྦྱོང་བྱེད་ཐུབ་པའི་དབང་གིས་ཡིན། (འདི་དུང་དཀར་ཚིགས་མཛོད་ལས་བཏུས་ཏེ་ཇི་བཞིན་བཀོད་པས་གྲྭ་ཚང་གཞན་སོ་སོའི་འཛིན་གྲྭ་ཇི་ཡོད་སྐོར་དུས་ཚོད་ཀྱིས་རྐྱེན་བཀོད་ཐབས་བྲལ།)

བོད་དུ་ལོ་རེར་ལྷ་རམས་པའི་གྲངས་ཚད།

དགེ་བཤེས་ལྷ་རམས་དམ་བཅའ་དངོས་གཞི་ནི། ལོ་རེ་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་གྱི་གྲྭ་ཚང་བདུན་(འབྲས་སྤུངས་སྒོ་མང་དང་། བློ་གསལ་གླིང་། བདེ་ཡངས། སེ་ར་བྱེས་དང་། སེ་ར་སྨད་པ། དགའ་ལྡན་ཤར་རྩེ་དང་བྱང་རྩེ་བཅས)ནས་དགེ་བཤེས་ལྷ་རམས་པ་མི་གཉིས་རེ་བསྡོམས་མི་གྲངས་བཅུ་བཞིའི་ཐོག གྲྭ་ཚང་བདུན་རེས་འཁོར་གྱིས་འཕར་མ་མི་རེ་བཅས་མི་གྲངས་བཅོ་ལྔ། ར་བ་སྟོད་གྲྭ་ཚང་ནས་དགེ་བཤེས་རེ་བཅས་ཁྱོན་བསྡོམས་ལོ་ལྟར་དགེ་བཤེས་ལྷ་རམས་པ་བཅུ་དྲུག་ཡོད།

ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་སྟངས།

དགེ་བཤེས་ལྷ་རམས་མི་བཅུ་དྲུག་པོ་དེ་ཚོས་ཞོགས་པ་གསུང་ཆོས་རྭ་བར་ཆུ་ཚོད་གཉིས་གསུམ་རིང་ཚད་མ་རྣམ་འགྲེལ། ཉིན་དགུང་ཁྱམས་རའི་ནང་ཆུ་ཚོད་གཉིས་ཡས་མས་བར་ཕར་ཕྱིན་དང་དབུ་མ། དགོང་མོ་ཁྱམས་ར་ཆེན་མོར་ཆུ་ཚོད་བཞི་ནས་དྲུག་བར་མཛོད་དང་འདུལ་བ་བཅས་ཀྱི་བགྲོ་གླེང་གཏོང་གི་ཡོད། དགེ་བཤེས་ལྷ་རམས་པ་ཐོན་ནས་དགེ་བཤེས་རེ་ཟུང་མ་གཏོགས་ཕལ་ཆེ་བ་རྒྱུད་གྲྭ སྟོད་སྨད་གཉིས་གང་རུང་ལ་སོ་སོའི་ཐོབ་ཁུངས་ལྟར་སྒྲིགས་ཞུགས་གནང་སྟེ། ལོ་ཤས་རིང་གཙོ་བོ་གསང་སྔགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་རྣམས་སློབ་སྦྱོང་ཐོག ཞོར་ལ་དབྱངས་དང་། རོལ་མོ། དཀྱིལ་འཁོར་བྲིས་ཐིག་སོགས་མཐོང་རྒྱུད་ལག་ལེན་ཁག་རང་མོས་ཀྱིས་སློབ་སྦྱོང་གནང་རྗེས་སྔགས་རམས་པའི་དགེ་བཤེས་དམ་བཅའ་ཉིན་མཚན་བདུན་གྱི་རིང་འཇོག་དགོས། དེའི་རིང་སྔགས་རམས་ཐོན་ཟིན་པའི་དགེ་བཤེས་རྣམས་ཀྱིས་གསང་སྔགས་ཀྱི་རིགས་པའི་གཞུང་ལུགས་ཐོག་ནས་བགྲོ་གླེང་གཏོང་གི་ཡོད། 

bottom of page